༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ - TopicsExpress



          

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༧ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་ཡུ་ཊ་མངའ་སྡེའི་སལ་ཊི་ལེཀ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཡུ་ཊ་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་ལུགས་རིག་པའི་བསྟི་གནས་ཁང་ (University of Utah`s S.J. Quinney College of Law) གི་ཁྲིམས་ཀྱི་སློབ་ཕྲུག་དང་འབྲེལ་ཡོད་མི་སྣ་བཅས་ཁྱོན་མི་གྲངས་བརྒྱ་ལྷག་ཙམ་ལ་བོད་དོན་སྐོར་གསུང་བཤད་གནང་བའི་ནང་འཁོད་དོན། བོད་དོན་ལ་རྒྱབ་སྐྱོར་དེ་འཚེ་མེད་ཞི་བ་དང་མང་གཙོར་རྒྱབ་སྐྱོར་བྱས་པ་མཚོན་བཞིན་ཡོད། བོད་མི་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དབུ་ཁྲིད་འོག་ཤར་བསྐྱོད་ཀྱིས་འཚེ་མེད་ཞི་བའི་ལྟ་གྲུབ་ལག་བསྟར་བྱེད་བཞིན་ཡོད། དེར་བརྟེན་ཉིན་གཅིག་བཙན་བྱོལ་བོད་མི་ཚོས་ཀྱང་རི་བོ་ཧི་མཱ་ལ་ཡ་བརྒལ་ནས་རང་ཡུལ་བོད་དུ་ཕྱིར་ལོག་བྱ་རྒྱུའི་རྨི་ལམ་དེ་དངོས་སུ་བསྒྲུབ་ཐུབ་པ་ཞིག་ཏན་ཏན་ཡོང་གི་རེད། དེ་འདྲ་ཞིག་བྱུང་ཚེ་བོད་མི་ཙམ་མ་ཟད་འཛམ་གླིང་གི་རྨི་ལམ་ནས་ཆ་ཤས་ཤིག་བསྒྲུབ་ཐུབ་པ་རེད། ཅེས་གསུངས་པ་མ་ཟད། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གསུང་དོན། རྒྱ་ནག་གཞུང་གིས་རྒྱ་ནག་དམི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཆ་རྐྱེན་ཡོད་པ་དེའི་འོག་ཧོང་ཀོང་ Hong Kong དང་མ་ཁའོ་ Macau གཉིས་ལ་རང་སྐྱོང་གི་གནས་བབ་སྤྲད་པ་ལྟར་བོད་མི་ཚོར་ཡང་རང་སྐྱོང་གི་གནས་བབ་སྤྲོད་དགོས། ཞེས་གསུངས། གཞན་ཡང་སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་མིས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བའི་སྐོར་གསུང་དོན། རྒྱ་ནག་གཞུང་གིས་རྒྱུན་ལྡན་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ས་མཚམས་སུ་ཆགས་པའི་རྒྱ་སྡེའི་ཆ་ཤས་ཤིག་ཡིན་པ་དང། བོད་ནི་ཆེས་མུན་ནག་དང་ཆེས་རྗེས་ལུས། ཆེས་ཀླ་ཀློ་ཡིན་པ་བརྗོད་བཞིན་ཡོད་པ་མ་ཟད། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་ཞི་བའི་བཅིངས་བཀྲོལ་གཏོང་སྐབས་བོད་མི་ཚོས་དགའ་བསུ་ཞུས་སྐོར་སོགས་ནི་རྒྱ་ནག་གཞུང་གིས་འཁྱོག་བཤད་བྱེད་སྟངས་ཤིག་ཡིན་པ་ལས། དོན་དངོས་རྒྱ་ནག་གཞུང་གིས་བོད་དུ་དབང་བསྒྱུར་བྱས་པ་ནས་བཟུང་བོད་མི་ས་ཡ་གཅིག་ཙམ་རྐྱེན་འདས་སུ་གྱུར་བ་དང། བོད་ཀྱི་དགོན་པ་དང་བཙུན་དགོན་བརྒྱ་ཆ་ ༩༨ ཙམ་རྩ་མེད་བཏང་ཡོད། དེ་བཞིན་བོད་མི་ཁྲི་ཕྲག་བརྒལ་བ་རྒྱལ་ཁབ་གཞན་དུ་བྲོས་བྱོལ་དུ་འགྲོ་དགོས་བྱུང་བ་མ་ཟད། ལྷག་པར་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༢༠ རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་དབང་བསྒྱུར་ལ་ཞི་རྒོལ་བྱས་ཡོད། དེའི་ཁོངས་ནས་བོད་མི་ ༡༠༣ འདས་གྲོངས་སུ་གྱུར་ཡོད། དེར་བརྟེན་བོད་མིས་རང་ལུས་མེར་སྲེག་བཏང་བ་དེས་གང་མཚོན་བཞིན་ཡོད་བརྗོད་ན། བོད་ནང་དུ་རྒྱ་ནག་གཞུང་གིས་བོད་མི་ཚོར་མི་རིགས་དབྱེ་འབྱེད་དང་དཔལ་འབྱོར་ཟུར་ཕུད། ཆོས་དད་ལ་དམ་བསྒྲགས། བོད་ཀྱི་རིག་གཞུང་དང་ཁོར་ཡུག་རྩ་གཏོར་གཏོང་རྒྱུའི་སྲིད་བྱུས་དེར་ངོ་རྒོལ་བྱེད་པ་མཚོན་བཞིན་ཡོད། ཅེས་གསུངས། ཡུ་ཊ་མངའ་སྡེའི་ནང་ཕྱི་ལོ་ ༡༩༨༣ ལོར་ཐོག་མར་ཕྱག་མཛོད་ཚང་ནང་མི་སྤོ་ཤུགས་གནང་རྗེས་ད་ཆ་བོད་མི་ ༢༠༠ ཙམ་ཡོད་འདུག
Posted on: Sat, 31 Aug 2013 19:31:15 +0000

Trending Topics



Recently Viewed Topics




© 2015